༄༅། །ན་མོ་བཛྲ་བཧཻ་ར་ཝཱ་ཡ། བཅོམ་ལྡན་ འདས་རྡོ་རྗེ་འཇིགས་བྱེད་ཀྱི་བརྒྱུད་རིམ་ལ་གསོལ་བ་འདེབས་ཚུལ་མཁའ་སྤྱོད་གྲུབ་པའི་གཏམ་ཞེས་བྱ་བ། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་བདེ་བ་ཆེན་པོའི་མཁའ་དབྱིངས་ལས། ། སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་དབྱར་སྐྱེས་ཕྲེང། །འཕྲིན་ལས་རྣམ་བཞིའི་གྲུ་ཆར་འབེབས་མཁས་པ། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །གསང་བའི་ཆུ་སྐྱེས་སྦྲང་རྩིའི་ཟིལ་དངར་གྱིས། །དཔའ་བོའི་ བརྟན་པ་འཕྲོག་པའི་ལང་ཚོ་ཅན། །རབ་འབྱམས་རྒྱལ་བའི་འཁོར་ལོ་ཀུན་གྱི་ཡུམ། །ཡེ་ཤེས་ཌཱ་ཀིའི་གཙོ་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་སོན་པས། །གྲུབ་པའི་དབང་པོ་ཀུན་ གྱི་མགོ་བོ་ལ། །རྟོགས་པའི་ཞབས་སྐྱེས་འགོད་མཁས་ལཱ་ལི་ཏ། །གྲུབ་པའི་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །མགོན་དེའི་ཞལ་གྱི་གདམས་པ་བདུད་རྩིའི་ཆུས། །གང་ཐུགས་ཤེལ་གྱི་བུམ་བཟང་ལ་རེག་ [010B] ༑སྲིད་པའི་ཚ་གདུང་མིང་གི་ལྷག་མར་མཛད། །དོན་ཡོད་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རྒྱུད་སྡེ་རྒྱ་མཚོའི་ཁྱོན་ལ་དབང་འབྱོར་ཞིང། །རིམ་གཉིས་ཡིད་བཞིན་ནོར་བུའི་གདེངས་ཀས་བརྗིད། །སྐལ་བཟང་ཀླུ་དབང་ ཚོགས་ཀྱི་རྗེར་གྱུར་པའི། །ཡེ་ཤེས་འབྱུང་གནས་སྦས་ལ་ཕྱག་འཚལ་ལོ། །ཉོན་མོངས་འདམ་གྱི་དྲི་མས་མ་གོས་ཤིང། །ལུང་དང་རྟོགས་པའི་འདབ་བརྒྱ་རྣམ་པར་རྒོད། །རྣམ་མཁྱེན་ཟེའུ་འབྲུ་དཀར་པོའི་སོ་ཕྲེང་ཅན། །པདྨ་རྡོ་རྗེའི་ ཞབས་ལ་ཕྱག་འཚལ་ལོ། །རྣམ་དཀར་འབྲུ་མར་ཐིགས་པས་ཡོངས་བཟུང་བའི། །བསླབ་གསུམ་སྡོང་བུར་ཡེ་ཤེས་མེ་ལྕེ་ཆགས། །གདུལ་བྱའི་བློ་མུན་སེལ་བའི་དཔལ་ཡོན་ཅན། །མར་མེ་མཛད་དཔལ་བསྲུང་བ་ལ་ཕྱག་འཚལ། ། འཕགས་ཡུལ་མཁས་གྲུབ་དུ་མའི་ཞབས་བསྟེན་པས། །ཟབ་དང་རྒྱ་ཆེའི་གདམས་པས་སྐལ་བཟང་བྱས། །སྡིགས་མཛུབ་ཙམ་གྱིས་མ་རུངས་མཐར་བྱེད་པའི། །སྐད་གཉིས་སྨྲ་བའི་དབང་པོ་ལ་ཕྱག་འཚལ། །ཚེ་རབས་ མང་པོར་ཡང་དག་ལམ་གོམས་པས། །དཔལ་ལྡན་གཤིན་རྗེའི་གཤེད་དང་དུས་འཁོར་སོགས། །རབ་འབྱམས་རྒྱུད་སྡེའི་དོན་ལ་མཁྱེན་པ་རྒྱས། །རྗེ་བཙུན་ཆོས་རབ་ཞབས་ལ་ཕྱག་འཚལ་ལོ། །དམ་པའི་རིགས་འཁྲུངས་ལུང་ རིགས་ལུས་སྟོབས་རྒྱས། །མདོ་རྒྱུད་རལ་པའི་ཁུར་གྱིས་ལེགས་པར་མཛེས། །ཕས་རྒོལ་གཉིས་འཐུང་འཇོམས་པའི་སྦར་ཁྱིམ་ཅན། །ཡེ་ཤེས་སེང་གེའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་པའི་སྤྱན་གྱིས་འབུམ་ཕྲག་ [011A]༄༅། །ཆོས་ཀུན་གཟིགས། །བརྩེ་བའི་སྦར་ཁྱིམ་ཕྲེང་བ་ཕྱོགས་སུ་གཡོ། །རྣམ་དཀར་མཛད་པའི་གད་རྒྱངས་མཐོན་པོ་ཅན། །རྣལ་འབྱོར་དབང་ཕྱུག་འབུམ་སེང་ལ་ཕྱག་འཚལ། །གཞོན་ནུའི་དུས་ནས་དམ་ པས་རྗེས་བཟུང་བས། །བདུད་སྡེའི་གཡུལ་བཟློག་རྒྱུད་སྡེའི་དོན་བཞིན་དུ། །རྟེན་འབྲེལ་ཐབས་ལ་མཁས་པའི་རིག་སྔགས་འཆང། །རྗེ་བཙུན་རྒ་ལོའི་ཞབས་ལ་ཕྱག་འཚལ་ལོ། །རྨད་བྱུང་མཁྱེན་པའི་དཀྱིལ་འཁོར་ ཡོངས་རྫོགས་ཤིང། །རྣམ་དཀར་བཤད་དང་བསྒྲུབ་པའི་བསིལ་འོད་ཀྱིས། །གདུལ་བྱ་ཀུནྡའི་ཚོགས་ཀྱི་དབུགས་འབྱིན་པ། །ཤེས་རབ་སེང་གེའི་ཞབས་ལ་ཕྱག་འཚལ་ལོ། །བདེ་ལེགས་རང་བཞིན་ཡེ་ཤེས་གཞལ་ མེད་ཁང། །དཔལ་ལྡན་འབྱོར་པའི་ཕུན་ཚོགས་དུ་མས་གང། །འཕྲིན་ལས་བ་དན་གྱིས་མཛེས་སྨན་ཁབ་པ། །ཡེ་ཤེས་དཔལ་གྱི་ཞབས་ལ་ཕྱག་འཚལ་ལོ། །ཕྱག་ན་པདྨོའི་ཐུགས་རྗེའི་འོད་ཟེར་གྱིས། །གང་གི་བློ་གྲོས་ པདྨོ་ཁ་ཕྱེ་བའི། །ངོ་མཚར་དྲི་བསུང་ཕྱོགས་ཀྱི་འཁོར་ལོ་འགེངས། །དོན་གྲུབ་རིན་ཆེན་ཞབས་ལ་ཕྱག་འཚལ་ལོ། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། ཞེས་སོགས་དང། གཞུང་ལུགས་རལ་ པ་འཐུག་པོས་གཉའ་ཁེབས་ཤིང། ཞེས་སོགས་དང། དགེ་ལེགས་འབྱུང་གནས་རྒྱལ་བའི་བསྟན་པ་ལ། །ཆོས་ཀྱི་རྒྱལ་པོའི་གོ་འཕང་རབ་བརྙེས་ཤིང། །གདུལ་བྱའི་དཔལ་མགོན་བཟང་པོའི་ཐུགས་རྗེ་ཅན། །ཆོས་ [011B] །རྒྱལ་བ་ཀུན་གྱིས་གསུངས་པའི་ཆོས་རྣམས་ཀྱི། །བཅུད་རྣམས་བསྡུས་ནས་ཉམས་སུ་བླངས་པའི་མཐུས། །ཚེ་དེ་ཉིད་ལ་རྡོ་རྗེའི་སྐུ་བརྙེས་པ། །འཆི་མེད་རྣལ་འབྱོར་མཆོག་ལ་ ཕྱག་འཚལ་ལོ། །རིགས་ཀུན་བདག་པོ་དྲུག་པ་རྡོ་རྗེ་འཆང། །རྨད་བྱུང་ཐུགས་རྗེས་སྣ་ཚོགས་སྐུར་སྤྲུལ་ནས། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་མཛད་པ། །བློ་བཟང་དོན་གྲུབ་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ མཁས་མཆོག་བྱེ་བའི་ཟུར་ཕུད་ལ། །མཁྱེན་རབ་མཚུངས་མེད་གོམ་པ་འགོད་མཁས་པ། །གཞུང་ལུགས་ཀུན་མཁྱེན་སངས་རྒྱས་ཡེ་ཤེས་ཅེས། །མཚན་མཆོག་དོན་དང་ལྡན་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཀུན་ གྱི་ཡབ་གཅིག་འཇམ་པའི་དབྱངས། །མཐའ་དག་བགེགས་དཔུང་འཇོམས་མཛད་གཤིན་རྗེའི་གཤེད། །དབྱེར་མེད་སྐུ་བཞིའི་བདག་ཉིད་སྐྱབས་ཀྱི་ཕུལ། །རྗེ་བཙུན་རྩ་བའི་བླ་མ་ལ་ཕྱག་འཚལ། །དེ་ལྟར་བསྟོད་པའི་རྣམ་ དཀར་དགེ་བའི་མཐུས། །ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན་ཐོབ་ཅིང། །བཤེས་གཉེན་དམ་པས་འབྲལ་མེད་རྗེས་བཟུང་སྟེ། །ཐུན་མོང་ལམ་གྱི་རིམ་པ་མཐར་ཕྱིན་ཤོག་འཇམ་དཔལ་དཔའ་བོའི་རིམ་གཉིས་གྲུ་ཆེན་ལ། །བརྟེན་ ནས་རྒྱུད་སྡེའི་རྒྱ་མཚོར་ལེགས་ཞུགས་ཏེ། །སྐུ་གསུམ་རིན་ཆེན་གླིང་དུ་བགྲོད་གྱུར་ནས། །སྲིད་ཞིའི་དབུལ་བ་མ་ལུས་སེལ་བར་ཤོག་ཅེས་པ་འདི་ནི་དགེ་སློང་མདོ་སྔགས་ཉིན་བྱེད་བཟང་པོས་འདི་ལྟ་བུ་ཞིག་དགོས་ཅེས་ [012A]༄༅། །གསོལ་བ་ནན་ཆེར་བཏབ་པ་ལ་བརྟེན་ནས། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཐོན་དགའ་ལྡན་རྫོང་དུ་སྦྱར་བའོ།། །།